ལྷན་ཁག་གི་དྲུང་ཆེན་གསརཔ་ཀྱིས་ ཡིག་ཚང་གི་ཕྱག་འགན་བཞེས་ཡོདཔ།

༉      སྤྱི་ཚེས་ ༡༡/༠༣/༢༠༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲགོས་ཀརྨ་ཚེ་རིང་ལུ་ ལྷན་ཁག་གི་དྲུང་ཆེན་འབད་བསྐོ་བཞག་མཛད་གནང་སྟེ་ཡོདཔ་དང་ དྲགོས་མཆོག་གིས་ སྤྱི་ཚེས་ ༡༧/༠༣/༢༠༢༠ ལུ་བསྟན་རྒྱས་ལྷན་ཁག་ནང་ གཞུང་འབྲེལ་གྱི་ཐོག་ལས་འཛུལ་བཞུགས་མཛད་གནང་སྟེ་ཡོདཔ་ཨིན།

དྲགོས་མཆོག་ དྲུང་ཆེན་གྱི་ཕྱག་འགན་མ་བཞེས་པའི་ཧེ་མ་ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ཁྱད་འཕགས་ཀྱི་འཐུས་མི་འབད་ སྤྱི་ལོ་ ༢༠༠༥ ལས་རང་ཕྱག་བཞུགས་ཏེ་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་ནང་ དྲགོས་མཆོག་གིས་ ཁྲིམས་བཟོ་དང་ཕྱི་འབྲེལ་ཚོགས་ཆུང་ཚུ་ནང་ འགན་གནས་ཅན་གྱི་ཁྲི་འཛིན་མཛད་ཡོདཔ་མ་ཚད་ ཚོགས་ཆུང་ཚུ་ནང་འཐུས་མི་འབད་ཕྱག་ཞུ་བའི་གྲལ་ལས་ ཆོས་སྡེ་ལྷན་ཚོགས་ནང་ ག་ནི་བ་ཁག་ཆེ་བའི་འཐུས་མི་གཅིག་འབད་བཞུགས་ནུག

དྲགོས་མཆོག་གི་རྟེན་འབྲེལ་མཛད་སྒོའི་སྐབས་ལུ་ གུས་པའི་གཞུང་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་གྱིས་འབད་ དབུ་བཞུགས་མཛད་གནང་སྟེ་ཡོདཔ་དང་ རྟེན་འབྲེལ་འདི་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་མཆོག་དང་ སོ་ནམ་དང་ནགས་ཚལ་བློན་པོ་ དེ་ལས་བསྟན་རྒྱས་བློན་པོ་རྣམས་བྱོན་ཏེ་ བཀྲིས་ལེགས་དར་ཚུ་གནང་ཡོདཔ་ཨིན་པས།

བསྟན་རྒྱས་ལྷན་ཁག་གི་ཁ་ཐུག་ལས་ དྲགོས་མཆོག་ལུ་བྱོན་པ་ལེགས་སོ་དང་ བཀྲིས་ལེགས་སྨོན་ཚུ་ཕུལ་ནི་དང་ ད་ལས་ཕར་ལྷན་ཁག་གིས་ གཞུང་རྩ་བ་གསུམ་ལུ་ཕྱག་ཞུ་བའི་སྐབས་ལུ་ དྲགོས་མཆོག་གིས་ ལམ་སྟོན་དང་དབུ་ཁྲིད་མཛད་གནང་པའི་རེ་བ་བསྐྱེད་དོ་ཟེར་ཞུ་ནི་ཨིན།